Skip to main content Skip to search
28 Aug 2012
2 min 41 sec
Bradley Aaron
Audio Overview
Creators: 
Unknown

དགའ་ཚལ་སྡེ་བའི་ལོ་རྒྱུས། བཅར་འདྲི་བྱེད་ཡུལ། མགོན་པོ། མགོན་པོ་ཚེ་བརྟན། ལོ། 76 73 ཕོ་མོ། ཕོ། ཕོ། ཕ་ཡུལ། དགའ་ཚལ། དུས་ཚོད། 2011-7-3 བཅར་འདྲི་མཁན། སངས་རྒྱས་རྒྱ་མཚོ། མི་རབས་ལྔ་ཡི་སྔོན་ལ་དགའ་ཚལ་སྡེ་བ་འདི་ད་ལྟ་གནས་འདུག་པའི་དགའ་ཚལ་ལུང་བའི་ནང་དུ་མེད་ལ། སྡེ་བ་འདི་དྲང་བོང་ཁུག་གམ་དྲང་བོང་སྒང་དུ་ཡོད་པ་རེད། སྐབས་དེར་སྡེ་བའི་མདུན་ཕྱོགས་ཀྱི་ཡུལ་མཛེས་ཚལ་གྱི་དཀྱིལ་འཁོར་གྱི་ངོས་སུ་བྲག་ཁུང་ཞིག་ཡོད་པ་དེས་སྡེ་བར་ས་དགྲ་བྱེད་པས། སྡེ་བའི་ནང་གི་གཞོན་གསར་སྟག་ལོ་ཅན་འགའ་རེ་དར་ཤི་བྱེད་བཞིན་ཡོད་པའི་རྐྱེན་གྱིས་སྡེ་བ་ས་དེ་ནས་གནས་སྤོར་བ་རེད། སྡེ་བ་འདི་གནས་འདི་ལ་སྤོར་ནས་ཡོང་དུས་་ཁྱིམ་ཚང་སུམ་ཅུ་ལས་མེད། སྡེ་བ་འདི་ལུང་བའི་ནང་དུ་སྤོར་བའི་རྗེས་སུ་་ཡུལ་མཛེས་ཚལ་ནས་ཨ་ཕ་རྣ་ལུག་སྐོར་ཁག་གནས་འདིར་ཡོང་བ་དང་། ད་དུང་རྟ་མགྲིན་མགོན་པོ་སྐོར་ཁག་འདི་སྐྱི་སྦྲུལ་ཐེ་པོ་ནས་ཡོང་བའི་ཡིན་ལ། ས་ཕྱོགས་ནས་སྐོར་ཁག་གཉིས་གནས་འདིར་ཡོང་བ་རེད། ཨ་ཕ་རྣ་ལུག་སྐོར་གྱིས་སྡེ་བ་ལ་གཡག་གཅིག་སྟེར་བ་དང་རྟ་མགྲིན་མགོན་པོའི་སྐོར་ཁག་དེས་སྡེ་བ་ལ་འབྲི་ཞིག་སྟེར་བའི་རྐྱེན་གྱིས་སྡེ་བའི་ནང་དུ་བཅུག སྐོར་ཁག་གཉིས་པོདེ་ཚོ་བ་གཅིག་བྱས། དེའི་མིང་ལ་འབྲི་གཡག་ཚོ་བ་ཞེས་བཏགས། སྡེ་བའི་ནང་ཆེས་ཐོག་མ་ནས་ཡོད་པའི་ཚོ་བ་ནི་ཡར་མགོ་ཚོ་བ་དང་མ་གཞི་ཚོ་བ་གཉིས་ཡིན། རྗེས་སུ་ཡང་ཁྱིམ་ཚང་འགའ་ཤས་ཡོང་བ་ཡང་ཚོ་བ་རེ་རེར་བྱས། ད་སྐབས་དགའ་ཚལ་སྡེ་བ་ལ་ཚོ་བ་ལྔ་ཡོད། དེ་དག་ནི་ཡར་མགོ་ཚོ་བ་མ་གཞི་ཚོ་བ། འབྲི་གཡག་ཚོ་བ། ཨ་གཡག་རྩ་ཡུན། མགར་ལྷ་ཚོ་བ་བཅས་ཡོད། རྨེ་རུའི་དགའ་ཚལ་གྱིས་བཤད་ན་ཐེ་བོའི་དགའ་ཚལ་དེ་རྨེ་རུའི་དགའ་ཚལ་ནས་ཕར་སོང་བ་རེད་ཟེར་ལ། ཐེ་བོའི་དགའ་ཚལ་གྱིས་ཡང་རྨེ་རུའི་དགའ་ཚལ་དེ་ཁོ་ཚོ་ནསཆད་སོང་བ་རེད་ཅེས་བཤད་ཚུལ་ཡོད། ༡༩༤༤ལོར་རྨེ་རུ་ཉིན་པའི་བཙན་པོའི་ཚོ་བ་ལ་མུ་གེ་ཡོང་ནས་ཟམ་ཚའི་འབྲོག་པ་ཚོང་ལ་འགྲོ་བཞིན་པ་དེ་འཕྲོག་ནས་མི་གཅིག་བསད། དགའ་ཚལ་སྡེ་བས་ཉིན་པ་སྡེ་བའི་རྩྭ་ས་གཡར་ནས་ན་ཡན་མགོ་མགོ་ན་རུ་ཡོད་པའི་སྐབས་སུ་ཟམ་ཚའི་འབྲོག་པས་དེ་རྨེ་རུ་ཉིན་པའི་འབྲོག་རུ་ཡིན་པར་འདོད་ནས་དགལ་ཚལ་སྡེ་བའི་ཕོ་མོ་བརྒྱད་བསད། ༡༩༤༥ལོར་ཨ་མཆོག་སྟོད་མས་དགའ་ཚལ་སྡེ་བའི་ཏིང་འཛིན་ཡག་ཚང་གི་ཟོག་ཚང་མ་རྐུ་ཇག་བྱས་སོང་། རྐུན་མ་དེ་དག་རྒྱ་ཆད་དུ་ཀོ་བ་དང་བལ་ཉོ་རུང་ ཡོང་སྐབས་འཛིན་རྒྱུའི་གྲོས་བྱས་ཡོད་མོད། འོན་ཀྱང་རྒྱ་ཆད་ཀྱི་རྒན་མོ་གཉིས་ཀྱིས་རྐུན་མ་དེ་དག་བྱ་བཏང་ནས་རྐུན་མ་དེ་དག་འགྲོ་བརྩིས་བྱེད་མོད། འོན་ཀྱང་དགའ ་སྡེ་བའི་མི་རྣམས་ཀྱིས་བྱ་བཏང་བ་ཚོར་ནས་འཛིན་བཟུང་བྱེད་འདོད་མོད། ངོ་རྒོལ་བྱས་པའི་རྐྱེན་གྱིས་དགའ་ཚལ་སྡེ་བའི་མི་རྣམས་ཀྱིས་རྐུན་མ་དེ་དག་ཁྲོད་ནས་མི་གཉིས་བསད་པ་རེད། རྗེས་སུ་ཨ་མཆོག་པ་ཚོས་དགའ་ཚལ་སྡེ་བའི་ནང་གི་སྒྲོལ་མ་སྐྱབས་ཀྱི་བུ་རྡོ་རྗེ་ཚེ་རིང་བཟུང་ནས་ཨ་རྒྱུ་ན་བུ་ལུག་ནས་བསད་པ་ཡིན། རྗེས་སུ་རྨེ་རུ་ཉིན་པའི་རྒྱ་ཚང་ཚོ་བའི་ལྷ་མོ་རྡོ་རྗེ་དང་ལྷ་མོ་སྐྱབས། ཐེ་བོའི་དགའ་ཚལ་སོགས་མི་སྣ་ཚང་མ་དང་ཨ་མཆོག་ཕྱོགས་ཀྱི་མི་སྣ་དང་མཉམ་དུ་འཛོམས་ནས་ཀླུ་ཆུང་དོན་དག་བཤད་ནས་འགྲུབ་སོང་བ་རེད། དགའ་ཚལ་ཆོས་རྒྱལ་ཅོ་ནེ་དཔོན་པོས་ཡུལ་མཛེས་ཚལ་དང་དགའ་ཚལ་སྐེ་རགས་སོགས་སྡེ་བ་གསུམ་པོའི་འགོ་དཔོན་ནམ་གཉེར་དཔོན་ལ་ལོ་གསུམ་ལ་བསྐོ་བཞག་བྱས། དགའ་ཚལ་ཆོས་རྒྱལ་ཁ་མཁས་ཞིང་དཔའ་མཛངས་རྟུལ་ཕོད་ཞིག་ཡིན། ཡང་བླ་མ་དཀར་བོ་སྐུ་ཕྲེང་དང་པོ་མཆོག་གིས་རི་ཁྲོད་བཅུ་གཉིས་མཉམ་གཅིག་ཏུ་བསྡུས་ནས་བཀྲ་ཤིས་ཆོས་འཁོར་གླིང་འཛུགས་པའི་སྐབས་སུ་དགའ་ཚལ་དུ་རི་ཁྲོད་མིང་གྲགས་ཅན་མེད་མོད། འོན་ཀྱང་བླ་མ་རྩེ་བཞུགས་སྤྱན་ཞ་རས་ཕྱག་འདེབས་བྱེད་ཡོད་པའི་དགའ་ཚལ་དགོན་ནམ་རྩེ་བཞུགས་རི་ཁྲོད་ཡོད། རི་ཁྲོད་བཅུ་གཉིས་གཅིག་བྱེད་དུས་གཅིག་བྱས་པ་རེད། ད་ལྟ་དགོན་པའམ་རི་ཁྲོད་ཡོད་སའི་གནས་དེ་ལ་དགེ་ཤུལ་ཞེས་ཟེར། དགའ་ཚལ་སྡེ་བ་ལ་རྒྱབ་རི་གསུམ་ཡོད་དེ་ཆེས་གོང་མའི་མིང་ལ་ཨ་མྱེ་རོགས་རམ་དང་བར་མའི་མིང་ལ་ནོར་བུ་དབང་རྒྱལ། འོག་མའི་མིང་ལ་ཤར་གྱི་བློན་པོ་དགྲ་འདུལརྟ་དཀར་ཅན་ཨ་མྱེ་སྐུ་བཞུགས། དངོས་རིའི་མིང་ལ་ས་ཡི་སྤོས་དཀར་ལྷ་མོ་ཟེར། ད་ལྟ་དགའ་ཚལ་སྡེ་བ་ལ་་ཁྱིམ་ཚང་བརྒྱ་དང་ཉི་ཤུ་ཡོད་ལ། མི་གྲངས་དྲུག་བརྒྱ་ལྷག་ཡོད། དེའི་ནང་རྒྱལ་ཁབ་ཀྱི་ལས་བྱེད་པ་༢༥དང་སློབ་གྲྭ་ཆེན་མོ་བ་དྲུག སློབ་ཆུང་འདོན་བཞིན་པའི་སློབ་མ་༡༥༠ལྷག་ཡོད་ལ། འབྲིང་རིམ་སློབ་མ་༢༣ལྷག་ལས་མེད། ད་དུང་དགའ་ཚལ་སད་བ་ལ་གྲྭ་བ་༤༠བཅས་ཡོད་དོ།