Skip to main content Skip to search
28 Aug 2012
3 min 28 sec
Bradley Aaron
Audio Overview
Creators: 
Unknown

རྨེ་རུ་ཉིན་པའི་སྡེ་བའི་ལོ་རྒྱུས། བཅར་འདྲི་བྱེད་ཡུལ། མགོན་པོ་དོན་འགྲུབ། འཇིགས་མེད། ལོ། 93 73 ཕོ་མོ། ཕོ། ཕོ། ཕ་ཡུལ། ཉིན་པ། དུས་ཚོད། 2011-7-12 བཅར་འདྲི་མཁན། རྡོ་རྗེ་རིན་ཆེན། ཉིན་པ་ཞེས་མིང་འདི་ཐོག་མར་སྡེ་བ་འདིའི་ཆགས་སའི་གནས་ནི་ཉིན་ཁུལ་ཞིག་ཡིན་པའི་ཕྱིར་མིང་འདི་ཉིན་པ་ཞེས་ཐོག་སོང་། ཡང་རྨེ་ཞེས་འདི་ལ་འབྲི་ཚུལ་གཉིས་གསུམ་ཡོད། གཅིག་ནི་རྨེ་འདི་ཡིན་ལ། གཅིག་ནི་དམེ་འདི་ཡིན། རྒན་པོ་ལ་ལས་སྡེ་བ་འདི་གོང་གི་རྨེ་རུ་གོང་ཁ་ནས་ས་མཚམས་སྲུང་བར་ཡོང་བའི་དམར་སྐོར་ཞིག་ཡིན་ཟེར། ཡང་དམེ་ཞེས་བ་ནི་ནང་དམེ་བྱས་ནས་རུ་སྐོར་གཅིག་གནས་སྤོར་ནས་ཡོང་བ་རེད་ཞེས་བཤད་སྲོལ་ཡོད། གང་ལྟར་རྨེ་རུ་ཉིན་པ་དམག་སྐོར་གཅིག་ཡོང་བ་ཡིན་པ་དེ་ལ་གནས་ལུགས་ཅུང་ལྡན། རྒྱུ་མཚན་གང་ཡིན་ཞེ་ན། སྔོན་སྡེ་བ་གནས་སའི་ས་ཆ་འདི་ན་རྒྱ་ཇ་ལ་(ཙོར)ཅན་ཞེས་ཡོད། ད་ལྟ་སྡེ་བའི་མར་ཕྱོགས་ན་ལུང་བ་ཞིག་ཡོད་པ་དེའི་མིང་ལ་རྒྱ་དུར་ལུང་ཞེས་འབོད། ད་དུང་སྡེ་བའི་ནང་དུ་ཁང་བ་སོགས་བཞེངས་སྐབས་རྒྱའི་སོ་ཕག་ལྗང་མདོག་ཅན་་དང་ད་དུང་རྒྱ་རིགས་རྫ་མ་སོགས་ས་འོག་ནས་ཕྱིར་ཐོན་བྱེད་བཞིན་ཡོད། བསམ་གཞིགས་བྱས་ན་ཐོག་མར་གནས་འདི་གའི་རྒྱ་མི་དེ་དག་ས་ཆ་གཞན་དུ་ཕྱིར་སྐྲོད་བྱས་ནས་རྗེས་སུ་རང་རིགས་གིས་གནས་བཟུང་ནས་བཅའ་སྡོད་བྱས་པ་ཡིན་པར་འདུག། ཉིན་པ་སྡེ་བ་ལ་ཚོ་བ་ལྔ་ཡོད། ལྷ་ཚང་ཚོ་བ། རྒྱ་ཚང་ཚོ་བ། དབུས་སྐོར་ཚོ་བ། བཙན་པོ་ཚོ་བ། དུས་རུ་ཚོ་བ་བཅས་ཡོད། ཐོག་མར་སྡེ་བ་འདི་ད་ལྟ་ཆགས་ཡོད་སའི་གནས་འདི་རུ་བཙན་པོ་ཚོ་བ་གནས་ཡོད། བཙན་པོ་ཚོ་བ་འདི་བོད་བཙན་པོའི་སྐབས་སུ་རྨེ་རུ་གོང་ཁ་ནས་གནས་འདི་རུ་ཡོང་བཡིན་ཞེས་བཤད་སྲོལ་ཡོད། དེའི་ཕྱིར་མིང་ལ་བཙནཔོའི་ཚོ་བ་ཞེས་ཟེར། དབུས་སྐོར་ཚོ་བ་འདི་བོད་སིལ་བུར་ཐོར་བའི་རྗེས་སུ་ དབུས་རུ་ཞེས་བ་དེ་ནས་ཡོང་ཡིན། དུས་རུ་ཚོ་བ་འདི་ད་ལྟ་ལྷ་སའི་དུས་རུ་རྫོང་ཞེས་བ་དེ་ནས་ཡོང་བ་ཡིན་ལ། ལྷ་ཚང་ཚོ་བ་ནི་ཅོ་ནེ་དཔོན་པོས་ལྷ་ས་ནས་ཁྲིད་ནས་ཡོང་ཡིན། རྒྱ་ཚང་ཚོ་བ་ཞེས་འདི་དར་རྩེ་མདོ་ནས་ཡོང་བ་ཡིན། རྒྱ་ཚང་འདི་གནས་འདི་ཡོང་ནས་ལོ་ངོ་དྲུག་བརྒྱ་ལས་འགོར་མེད། སྔོན་ཚོ་བ་ལྔ་བོ་རང་རང་གི་ས་ན་ཚོ་བ་རོལ་བཞིན་འདུག རྗེས་སུ་རྐུན་ཇག་སོགས་འཛེམ་ནས་ད་ལྟ་ཡོད་སའི་གནས་ལ་སྤོར་ནས་ཡོང་བ་རེད། ད་ལྟའི་གནས་འདི་ལ་སྤོར་ནས་ལོ་ངོ་ལྔ་བརྒྱ་ལྷག་ལས་འགོར་མེད། སྔོ ན་ཟོག་ལ་ནད་སོགས་མང་ལ་ད་དུང་སྨན་བཅོས་ཀྱི་ལག་རྩལ་ཞེན་པས་ཞིང་འདེབས་ལག་རྩལ་ཅུང་ཟད་དར། འཚོ་བའི་་བརྟེན་ས་ནི་ཞིང་ལས་རེད། ཆིང་རྒྱལ་རབས་ཀྱི་གོང་མ་ཏོ་ཀང་(ཝུངྔ)སྐབས་སུ་རྒྱ་མཁར་མཁན་པོ་ཚང་གིས་རྨེ་རུ་ཉིན་པའི་ཡར་སྒོ་ཞེས་བའི་ས་དེ་ནས་ལབ་རྩེ་ཞིག་བརྒྱབ་པ་རེད། དེའི་མིང་ལ་གཉེན་ཆེན་ཨ་མྱེས་དཔའ་རྒོད་ཟེར་ཞིང་། ཁོང་གི་ཛམ་བྷ་ལ་ནག་པོའི་སྤྲུལ་བ་ཡིན་ལ། རྒྱ་གར་གྲུབ་ཆེན་བརྒྱ་ཅུའི་གྲས་སུ་གཏོགས། སྡེ་བའི་ནང་དུ་ཨ་ཁུ(གྲྭ་བ)སྦྱིན་པ་ཞིག་བྱུང་ལ། དེ་ནི་བཀྲ་ཤིས་ཆོས་འཁོར་གླིང་གི་དགེ་བཤེས་ཡིན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་བ་ཚོས་མཁས་ལེན་བཞིན་ཡོད། རམ་འབྱམས་ཡིན་པ་རེད། སྲིད་ཀྱི་ཕྱོགས་ལ་མཁས་བ་གཙོ་བོ་མཁར་འབུམ་དང་ལྷ་མོ་རྡོ་རྗེ་སོགས་ཡོད། དེ་ནས་གྲྭ་བ་ཞིག་ཡོད་ནི་ཨ་ཁུ་ཆོས་འབྱོར་རིན་པོ་ཆེ་ཟེར་དེ་ཡིན་ལ། དེས་སྡེ་བ་ཕྱོགས་ཕྱོགས་ནས་ལབ་རྩེ་མང་པོ་བརྒྱབ། དེ་ནང་དུ་དུང་དགེ་ལུང་ཚགས་ཁང་ཞིག་ཡོད། རྡོ་རྗེའི་བཟའ་འབུམ། རྒྱབ་རི་རྟ་དཀར་ཅན། ཆུ་དྭངས་གཉེན་རི་སོགས་ལབ་རྩེ་བརྒྱབ། ཨ་ཁུ་ཆོས་འབྱོར་རིན་པོ་ཆེ་ནི་ད་ལྟའི་སྨན་ལྷ་ཚང་གི་རེད། བླ་མ་དཀར་པོ་ཚང་གི་དགོན་པ་བཞེངས་དུས་རྨེ་རུ་ཉིན་པའི་བརྩོན་འགྲུས་བཀྲ་ཤིས(གྲྭ་བ)རོགས་རམ་བྱེད་ལ། བླ་མ་དཀར་པོ་ཚང་གི་ལས་རོགས་པ་གཙོ་བོ་ཞིག་ཡིན། རྨེ་རུ་ཉིན་པ་འདི་དོན་དག་ཁ་མཆུ་མང་པོར་ཕྲད་མྱོང་། བཅིངས་འགྲོལ་སྔོན་བླ་མ་དཀར་པོ་སྐུ་ཕྲེང་གསུམ་པའི་སྐབས་བྲིང་བ་ཕྱོགས་པ་ཡོངས་དང་དམག་འཐབ་ བྱས། མཐར་རྨེ་རུ་ཉིན་པས་བྲིང་བ་ཕྱོགས་པའི་སྟོད་ཀྱི་འགོ་བ་ཕྱག་སྡིག་སྔོ་ལྷ་བསད་ནས་སྨད་ཀྱི་འགོ་བ་བཟུང་བ་རེད། ལོ་བཞི་ཡི་རིང་ལ་དོན་དག་དེ་མ་འགྲུབ། ཕན་ ཚུན་བར་མི་བཞི་རེ་ཁྱོན་བསྡོམས་ཕྱོགས་གཉིས་ཀའི་མི་བརྒྱད་བསད་པ་རེད།སྐབས་དེའི་རྨེ་རུ་ཉིན་པའི་དམག་དཔོན་ནམ་བཀོད་འདོམས་མཁན་ནི་ལྷ་མོ་སྐྱབས(མགོར་ཙོ) དེ་ཡིན། ལུང་ནག་གུ་རུས་རྨ་ཆུའི་ཉི་མའི་ཇག་པ་འགའ་ཁྲིད་ཡོང་ནས་སྡེ་བའི་ནང་གི་ཁྱིམ་ཚང་ལྔའི་ཟོག་ཚང་མ་དེད་སོང་། རྗེས་སུ་རྨེ་རུ་ཉིན་པའི་དམག་སོང་ནས་རྨ་ཆུའི་ཉི་མ་ན་ཡོད་པའི་ཕྱག་སྡིག་སྔོ་ལྷ་ཚང་བཟའ་མི་ཐམས་ཅད་བསད་པ་རེད། དེ་ནས་ད་དུང་བཙན་པོ་ཚོ་བར་མུ་གེ་ཡོང་བའི་སྐབས་ཟམ་ཚའི་འབྲོག་པའི་དངོས་པོ་འཕྲོག སྐབས་སུ་ཟམ་ཚའི་འབྲོག་པས་འཕྲོག་མཁན་བསད་པས། དེའི་ཕྱིར་ཟམ་ཚའི་འབྲོག་པའི་མི་གཅིག་བསད་ལ་མི་གཅིག་འཛིན་བཟུང་བྱས་པ་རེད། ༡༩༩༣ལོར་རྒྱ་ཆད་རྡོ་ཕྲུག་ཚང་གི་བུ་གཉིས་ཀས་རྨེ་རུ་ཉིན་པ་ལ་རྐུ་བྱས་སྡེ་བ་ གཉིས་ཀྱིས་དམག་འཁྲུག་ལོ་ངོ་༨རིང་ལ་བརྒྱབ། བར་ལ་མི་ཤ་བཅུ་ལྷག་ཙམ་སོང་། རྨེ་རུ་ཉིན་པའི་སའི་རྒྱ་ཁྱོན་ཆེ་ལ་དབྱིབས་སྒོར་སྒོར་ཞིག་ཡིན། མགོ་མཇུག་ས་ལེ་ ༨༠ཕར་ཚུར་ས་ལེ༨༠། རྒྱབ་རིའི་མིང་ལ་རྒྱབ་རི་རྟ་དཀར་ཅན། དངོས་རི་མིང་ལ་དངོས་རི་ནོར་ལྷ་དཀར་མོ། ད་ལྟ་རྨེ་རུ་ཉིན་པ་ལ་ཁྱིམ་ཚང་༣༠༠ལྷག་ཙམ་ཡོད། རྒྱལ་ཁབ་ཀྱི་ལས་བྱེད་པ་༧༠ལྷག་ཡོད། སློབ་གྲྭ་ཆེན་མོ་བ༦༠ལྷག་ཡོད། འབྲིང་རིམ་སློབ་མ་༡༠༠ལྷགཡོད། སློབ་ཆུང་སློབ་མ་༤༠༠ལྷག་ཡོད། གྲྭ་བ༡༠༠ལྷག་ཡོད།